བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་བལ་ཡུལ་སྤོག་ར་བཀྲིས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་ཇི་ཞུས་གནས་བསྡུས།

ཕྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༡༡ ཉིན་འདི་གར་ས་གནས་ Ward ལས་ཁུངས་སུ་གདུང་སེམས་མཉམ་སྐྱེ་མཚོན་བྱེད་དང་། ས་གནས་གཞིས་མི་་དང་ཡུལ་མི་དབར་སྔར་ལྷག་འབྲེལ་ལམ་དང་འཆམ་མཐུན་དམ་གཟབ་ཡོང་ཆེད་བལ་སྒོར་ ༡༥,༠༠༠ འབབ་ཀྱི་ཁ་རས་གྲངས་ ༧༥༠ འབུལ་ལམ་ཞུས་ཐུབ་པ་བྱུང་ཡོད། དེ་མཚུངས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ། ས་གནས་གཞིས་མི་ས་གནས་གཞན་ནས་ཕྱིར་སློག་ཡོང་བ་ཁག་གི་ཆེད་ཉིན་གྲངས་ ༢༨ ཟུར་འཇོག་ཞུ་ཡུལ་ཚོགས་བཀག་འགོག་དབྱེ་ཟུར་འཇོག་གོ་སྒྲིག་ཞུས་ཡོད། དེའི་ནང་དགོས་མཁོའི་མཐུན་རྐྱེན་ཡོད་ཐོག་དྲྭ་རྒྱའི་མཐུན་འགྱུར་ཡང་སྦྱར་ཡོད། ད་ལྟའི་ཆར་ཚོགས་བཀག་འགོག་དབྱེ་ཟུར་འཇོག་ནང་གཞིས་མི་གྲངས་གཅིག་ལས་མེད། བལ་གཞུང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༠༦ ཚེས་ ༠༢ བར་ཕར་འགྲོ་ཚུར་འོང་བྱ་མི་ཆོག་པའི་བཀོད་ཁྱབ་སྔོན་སོང་ལྟར་གཞིས་མི་ས་གནས་སུ་ཕྱིར་སློག་ཐུབ་པ་བྱུང་མེད། དཔལ་ལྡན་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་འདིར་གཞིས་མི་དཀལ་ངལ་ཅན་རིགས་ལ་བཟའ་བཅའ་མཐུན་འགྱུར་དགོས་པའི་བཀའ་ཕེབས་ལྟར་འགྲོ་གྲོན་གཏོང་དམིགས་བཀའ་འཁྲོལ་བསྩལ་ཁོངས་ནས་ད་ལྟའི་ཆར་གཞིས་མི་གཅིག་ལ་བཟའ་བཅའ་དཀའ་སེལ་ཆེད་བལ་སྒོར་ ༢,༤༠༠ འབབ་ཀྱི་བཟའ་བཅའ་མཐུན་འགྱུར་ཞུས་ཡོད། དེ་མཚུངས་ཀྱི་དཀའ་ངལ་ཡོད་རིགས་རྣམས་ལ་མ་འོངས་མཐུན་འགྱུར་ཞུ་རྒྱུ། གཞན་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༢༧ ཉིན་ཀཐ་མན་གྲུ་ཁུལ་གནས་སྡོད་བླ་མ་ལེགས་བཤད་མཆོག་ནས་དཔལ་འབྱོར་རོགས་མགོན་གནང་དོན་བཞིན། ས་གནས་གཞིས་མི་དང་ཁ་འཐོར་བོད་མི་བཅས་ཁྱོན་མི་གྲངས་ ༡༠༧ ཙམ་ལ་བལ་སྒོར་ ༡,༥༠༠ རེར་འབུལ་འགྲེམས་ཞུས་ཡོད། དེ་བཞིན་ Help Tibet རོགས་ཚོགས་ནས་རོགས་དངུལ་གསོལ་སྩལ་བརྒྱུད་གཞིས་མི་ཡོངས་དང་ཁ་འཐོར་བོད་མི་བཅས་ལ་ཁ་རས་བགོ་འགྲེམས་གནང་ཐུབ་པ་བྱུང་ཡོད་བཅས་ཀྱི་གནས་ཚུལ་དུ།


RELATED NEWS

Menu