བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་སྤེང་ལོར་ལྷོ་སྤྱི་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་རྒྱ་ཆེ་སྤེལ་བ།

 སྤྱིར་རྒྱ་གར་དབུས་ས་གཞུང་གཉིས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ ཐེམ་སྤང་བཀའ་རྒྱ་སྔ་རྗེས་གནང་བ་དང་། ཡང་སྒོས་དབུས་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཛ་དྲག་ཚོགས་ཆུང་དང་ནང་སྲིད་ལས་ཁུངས་བཅས་ནས་ལམ་སྟོན་སྔ་རྗེས་ལམ་སྟོན་ཕེབས་ཁག་ལ་འཐུས་ཤོར་མེད་པར་ལག་བསྟར་དམ་དོན་ཞུ་མུས་ཡིན།  ད་ཆ་རྒྱ་གར་དབུས་ས་གཉིས་ནས་འགྲུལ་བཞུད་ལྷོད་ཡངས་དང་གཞིས་ཆགས་ཁག་ནང་ཕྱི་མི་ལྷག་བསྡད་སོ་སོའི་རང་ཁྱིམ་དུ་ཕྱིར་ལོག་དང་། མ་ཟད་ཁྱབ་ཁོངས་གཞིས་མི་མང་དག་གཅིག་ཚུར་གཞིས་ཆགས་ནང་ཡོང་བཞིན་པར་བརྟེན། ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་མཉམ་གོ་བསྡུར་ཞུས་སྐབས་རྒྱ་གར་སྐོར་སྲུང་བ་མཐུན་འགྱུར་ཡོང་བའི་བསམ་ཚུལ་དང་རེ་འདུན་བྱུང་བ་བཞིན། འདི་ནས་སྦེང་ལོར་མངའ་གཞུང་གི་ Addl. Director General of Police (Law & Order)  མཆོག་དངོས་སུ་མཇལ་འཕྲད་ཀྱིས་བོད་པའི་གཞིས་ཆགས་ཡོད་སའི་རྫོང་དཔོན་སྐོར་སྲུང་སྤྱི་ཁྱབ་ལས་ཁུངས་ཁག་ལ་ས་གནས་འགོ་འཛིན་ལྷན་དུ་མཉམ་རུབ་ཐོག་མཐུན་འགྱུར་དགོས་པས་བཀོད་ཁྱབ་གནང་། ད་ལྟའི་ཆར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་ས་གནས་མངའ་གཞུང་སྐོར་སྲུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འགོ་འཛིན་གཉིས་ཟུང་འབྲེལ་ཐོག་འགྲུལ་བཞུད་དམ་བསྒྲགས་ཆེད་ (barricade) རྭ་བ་རྒྱག་པ་དང་། གཞིས་ཆགས་ནང་ཕར་འགྲོ་ཚུར་འོང་ལྟ་རྟོགས་བྱ་མི་རྒྱ་གར་སྐོར་སྲུང་བ་གཉིས་རེ་དང་འགའ་ཤས་ལ་བཞི་རེ་བཅས་ལས་འགན་བཀོད་སྒྲིག་ཞུས་ཡོད་པར་ལས་དོན་གང་ལེགས་འགྲོ་མུས་ཡིན།  ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༥ ཉིན་ལྷོ་སྤྱི་གཙོ་སྐྱོང་འོག་སྦེང་ལོར་གྲོང་ཁྱེར་གྱི་ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་ཚོགས་ཚུང་ཚང་འཛོམས་ཐོག་ནད་ཡམས་སྔོན་འགོག་དང་འབྲེལ་བའི་སྐོར་གོ་བསྡུར་ཞུས་ཡོད། སྐབས་དེར་ཚོགས་བཅར་བ་དང་། ལས་བྱེད། སྦེང་ལོར་བོད་ཁྱིམ་སྡོད་ཁང་ནང་ཡོད་པའི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༣༠ ལ་ཚ་བ་དང་ནད་རྟགས་ཡོད་མེད་བརྟག་དཔྱད་ཞུས་ཡོད།  འདི་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ཉེན་སྲུང་ཡོ་ཆས་ཁག་མཁོ་གྲུབ་ཆེད་རོགས་དངུལ་འབོད་བསྐུལ་ཞུས་པར་ཧིན་སྒོར་ ༣༧,༠༠༠ བཀའ་འཁྲོལ་གནང་སོན་བཞིན་ཉེན་སྲུང་ཡོ་ཆས་ཆ་ཚང་གསར་ཉོ་ཞུས་ཡོད།    ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༦ ཉིན་ལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེང་ལོར་མངའ་གཞུང་མེ་གསོད་ལས་ཁང་། (Fire & Emergency service) ལ་འབྲེལ་གཏུགས་ཀྱིས་ལྷོ་སྤྱི་ལས་ཁུངས་དང་ཉེ་འཁྲིས་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་གཡས་གཡོན་དུ་ནད་ཡམས་སྔོན་འགོག་ཆེད་དུག་སེལ་སྨན་ཆུ་གཏོར་ནས་གཙང་བཟོ་ཞུ་སྒོ་ཁག་འཐུས་ཚང་ཞུས་ཐུབ་པ་བྱུང་ཡོད། དེར་མ་ཟད་ Director General of Police, Fire & Emergency Services དངོས་སུ་མཇལ་འཕྲད་ཞུས་ཏེ་ཁོང་གི་བོད་པའི་གཞིས་ཆགས་ཡོད་སའི་རྫོང་དཔོན་ཁག་ལ་དུག་སེལ་བྱ་ཆེད་མེ་གསོད་སྣུམ་འཁོར་མཐུན་འགྱུར་གནང་དགོས་པས་བཀོད་ཁྱབ་གནང་དོན་བཞིན་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་དུག་སེལ་བྱ་ཆེད་མངའ་གཞུང་གི་རླངས་འཁོར་རིན་མེད་ཐོག་མཐུན་འགྱུར་གནང་འདུགཀ་ཎ་ཀྲ་ཀ་མངའ་གཞུང་གི་འབྲེལ་མཐུད་པ་མཆོག་དངོས་སུ་མཇལ་འཕྲད་ཀྱིས་འགྲུལ་བཞུད་དཀའ་སེལ་ཡོང་བའི་སྐོར་དང་། བོད་པའི་གཞིས་ཆགས་ནང་འགོག་དབྱེ་ཟུར་འཇོག་གི་མཐུན་རྐྱེན་ཡོད་པ་མ་ཟད་འཕྲོད་བསྟེན་སྨན་ཁང་། སྨན་པ་དང་སྨན་ཞབས་པ་སོགས་མཐུན་རྐྱེན་གང་ལེགས་ཡོད་པ་སོགས་འགྲེལ་བརྗོད་ཞུས་པར་བརྟེན། བོད་རིགས་རྣམས་ཕྱིར་འཁོར་སྐབས་གནམ་ཐང་དང་མེ་འཁོར་འབབ་ཚུགས་ནས་ཐད་ཀར་གཞིས་ཆགས་སུ་བསྐྱོད་ཆོག་པ་དང་གཞིས་ཆགས་ནང་གི་འགོག་དབྱེ་ཟུར་འཇོག་དུ་བསྡད་ཆོག་པའི་བཀའ་འཁྲོལ་ཞུས་པར་བོད་རིགས་རྣམས་སྦེང་ལོར་གྲོང་ཁྱེར་དུ་འགོག་དབྱེ་ཟུར་འཇོག་མི་དགོས་པ་ཐད་ཀར་གཞིས་ཆགས་སོ་སོའི་ནང་བསྐྱོད་ཐུབ་པ་བྱུང་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ ཉིན་གསར་འགོད་གསལ་བསྒྲགས་གནང་དོན་ལྟར། དཔལ་ལྡན་ནང་སྲིད་ལས་ཁུངས་ཀྱི་བཀོད་བྱུས་དང་སྟངས་འཛིན་འོག་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མིའི་གཞིས་སྒར་ཁག་ཕུད་ཁ་འཐོར་ས་གནས་ཁག་ཏུ་བོད་རིགས་འཚོ་རྟེན་དཀའ་སེལ་རོགས་སྐྱོར་སླད་ཐེངས་གཅིག་རིང་ངལ་སེལ་གུན་སྐྱོབས་གནང་གཏན་འཁེལ་བ་བཞིན། སྦེང་ལོར་གྲོང་ཁྱེར་ནང་གནས་སྡོད་ཚོང་རྩག་རྩིག་དང་ན་གཞོན་དཀའ་ངལ་ཅན་གྲངས་ ༡༧  དང་། ཨུ་ཀྲི་ནང་གནས་སྡོད་སུད་ཚོང་བ་མི་གྲངས་ ༡༠ གྷོ་ཝ་ནང་གནས་སྡོད་ཚོང་རྩག་རྩིག་མི་གྲངས་ ༥ བཅས་ཁྱོན་མི་གྲངས ༣༢ བྱེད་པའི་མི་རེར་སྒོར་ ༥༠༠༠ རྩིས་པའི་ཁྱོན་སྒོར་ ༡༦༠,༠༠༠ ཐམ་པ་ནང་སྲིད་ལས་ཁུངས་ནས་གསོལ་བསྩལ་བྱུང་བ་བཞིན་ཁུངས་སོ་སོར་བགོས་འགྲེམས་ཞུས་ཟིན། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་དགོངས་དོན་བཞིན། འདི་གའི་ཁྱབ་ཁོངས་མེ་སོར་གྲོང་ཁྱེར་ནས་སློབ་ཕྲུག་གྲངས་ ༣༩ ནས་རོགས་དངུལ་ཞུས་དོན་བཞིན་འདི་ནས་རྒྱབ་གཉེར་ཐོག་སློབ་ཕྲུག་རེ་ལ་ཧིན་སྒོར་ ༥༠༠༠ རེ་རྩིས་ཏེ་ཁྱོན་སྒོར་ ༡༩༥,༠༠༠ སློབ་ཕྲུག་སོ་སོའི་དངུལ་ཁང་བརྒྱུད་རོགས་དངུལ་ལག་སོན་བྱུང་འདུགལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས་ཉིན་ས་གནས་ཛ་དྲག་ཚོགས་ཆུང་གི་གྲོས་ཆོད་དགོངས་དོན་སྨན་རྩིས་ཁང་གི་སྨན་པ་རྡོ་རྗེ་རབ་བརྟན་ལགས་དང་སྨན་པ་པ་སངས་ཚེ་རིང་ལགས་གཉིས་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ནད་ཡམས་སྔོན་འགོག་གི་གཏམ་བཤད་དང་། དེ་བཞིན་སྨན་ཞབས་པ་ངག་དབང་གསལ་སྒྲོན་ལགས་ནས་ཕྱི་ལུགས་སྨན་གཏུག་ལྟར་ནད་ཡམས་སྔོན་འགོག་བྱ་ཚུལ་སྐོར་བོད་ཁྱིམ་ཚོགས་ཁང་དུ་ལས་བྱེད་དང་བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག་གྲངས་ ༨༠ ལྷག་ཙམ་ལ་གཏམ་བཤད་གནང་ཐུབ་པ་བྱུང་ཡོད།  ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༩ ཉིན་ལྷོ་སྤྱི་ལས་ཁུངས་བརྒྱུད་ཨ་རི་བཅའ་བཞུགས་སེར་བྱེས་ཏྲེ་ཧོར་ཁང་ཚན་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྒོ་རྒྱ་བསྡམས་པའི་ཛ་དྲག་དུས་འདིར་ལྷོ་གཞིས་ཁག་ལྔ་དང་གྲོང་ཁྱེར་ཁག་ཏུ་ཡོད་པའི་བོད་རིགས་ཉམ་ཐག་དཀའ་ངལ་ཅན་གྱི་ཆེད་དུ་ཧིན་སྒོར་ས་ཡ་གཅིག་སྦྱིན་གཏོང་གནང་བར་ལྷོ་སྤྱི་གཙོས་ལྷོ་གཞིས་ཁག་ལྔའི་ས་གནས་འགོ་ འཛིན་གྱི་བཀོད་བྱུས་དང་སྟངས་འཛིན་འོག་ལྷོ་གཞིས་ཁག་ལྔའི་ཁྱིམ་ཚང་གྲངས་ ༢༠༢ ལ་ཁྱོན་ཧིན་སྒོར་ ༡༠,༠༠,༠༠༠ རོགས་དངུལ་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད།  སྐབས་དེར་ཉམ་ཐག་དཀའ་ངལ་ཅན་རྣམས་ནས་དགའ་ཚོར་དང་སྦྲགས་ཐུགས་རྗེ་ཆེ་ཞུས་ཡོད། གོང་གསལ་རོགས་དངུལ་དེའི་ཁོངས་སྦེང་ལོར་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་ནང་ཡོད་པ་སློབ་ཕྲུག་གྲངས་ ༢༦ ལའང་རོགས་དངུལ་སྤྲོད་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད། ༸ཏྭ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ནད་ཡམས་སྔོན་འགོག་ཆེད་དུག་སེལ་སྨན་ཆུ། ལག་སྲིན་སེལ་བྱེད། ཁ་རས་སོགས་མཐུན་འགྱུར་ཡོང་མིན་ལམ་སྟོན་ཞུས་པར་འདི་ནས་མཐུན་འགྱུར་སྦྱར་ཐུབ་པ་བྱུང་ཡོད། དཔལ་ལྡན་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ ཉིན་རང་རེའི་ཁྱབ་ཁོངས་གཞིས་ཆགས་ཡོངས་ལ་ཉིན་གཅིག་དུས་གཅིག་ལ་དུག་སེལ་དགོས་ལུགས་བཀའ་ཕེབས་ལྟར། འདི་ག་བོད་ཁྱིམ་སྡོད་ཁང་དང་ལྷོ་སྤྱི་ལས་ཁུངས་གཡས་གཡོན་རྭ་བའི་ནང་ལའང་དེ་ཉིན་དུག་སེལ་རྫས་ཆུ་གཏོར་ནས་གཙང་བཟོ་ཞུ་སྒོ་ཁག་འཐུས་ཚང་ཞུས་ཡོད་བཅས།

RELATED NEWS

Menu