དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་དང་བལ་ཡུལ་སྐུ་ཚབ་དོན་གཅོད་མཆོག་གི་ལམ་སྟོན་འོག་ས་གནས་ནང་ཛ་དྲག་ཏོག་དབྱིབས་ནད་ཡམས་ཚོགས་ཆུང་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢ ཉིན་གསར་འཛུགས་ཐུབ་པ་བྱུང་ཡོད། ཚོགས་ཆུང་ནང་ས་འགོ་བསྡོམས་པའི་ཚོགས་མི་གྲངས་ ༡༢ ཡོད་པ་ཚོགས་ཆུང་ནས་བདུན་རེའི་ནང་ཐེངས་གཉིས་རེར་འདུ་འཛོམས་ཐོག་ནད་ཡམས་སྔོན་འགོག་ལས་དོན་གནང་མུས་ཡིན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༢ ཉིན་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་གོ་རྟོགས་དང་ལམ་སྟོན་ཁག་ས་གནས་སྨན་ཞབས་པ་དང་མཉམ་རུབ་གྱིས་མི་མང་ཡོངས་ལ་མ་གོ་མ་ཐོས་མེད་པ་གསལ་བསྒྲགས་ཞུས་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ ཉིན་ནས་བཟུང་བལ་ཡུལ་གངས་ཅན་བདེ་རྩ་ལས་ཁུངས་ཀྱི་མཐུན་འགྱུར་འོག་ས་གནས་སུ་བདུན་རེའི་ནང་ཐེངས་གཉིས་རེར་གཞིས་ཆགས་ཡོངས་ལ་དུག་སེལ་འབུ་སྨན་གཏོར་རྒྱུའི་ལས་གཞི་འགྲོ་མུས་ཡིན། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༠ ཉིན་ས་གནས་ཚོགས་ཆུང་ནས་ཛ་དྲག་ཚ་བ་བརྟག་དཔྱད་ཡོ་ཆས་ (Infrared/Thermal Gun) མཁོ་གྲུབ་ཀྱིས་མི་མང་ཡོངས་ལ་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད་། དེ་མཚུངས་མུ་མཐུད་བདུན་རེའི་རེས་གཟའ་པ་སངས་ནམ་ཡིན་ལ་བརྟག་དཔྱད་ཞུ་མུས་ཡིན། ས་གནས་སུ་ད་བར་ཐེངས་ ༧ ཙམ་ཚ་བ་བརྟག་དཔྱད་ཞུས་ཟིན་པར་ད་བར་ནད་རྟགས་ཐོན་པ་གཅིག་ཀྱང་བྱུང་མེད། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ ཉིན་བལ་ཡུལ་དོན་གཅོད་བརྒྱུད་ Help Tibet རོགས་ཚོགས་ནས་མི་མང་ཆེད་ཁ་རས་གྲངས་ ༨༠༠ ཐམ་པ་གནང་སོན་བྱུང་བར་མི་མང་རྣམས་ལ་ཕྱི་ལོ་ ༢༠༢༠།༥།༢༧ ཉིན་ཆ་ཚང་བགོས་འགྲེམས་ཞུས་ཡོད།
ནད་ཡམས་སྔོན་འགོག་ཆེད་སྔ་འཕྲོས་རིང་གཞིས་ཆགས་ཀྱི་འགྲོ་འོང་རྒྱལ་སྒོ་གསར་པ་ཤིག་བཟོ་བསྐྲུན་ཞུས་ཡོད་པ་དང་། དེར་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཡོངས་དང་ས་འཐུས་རྣམ་པ་བཅས་ཀྱི་འགན་འཁུར་འོག་སྒོ་སྲུང་ལས་འགན་ཞུ་མུས་ཡིན། འདི་ག་ཨ་རི་གཞུང་ཚབ་ལས་ཁུངས་ཀྱི་ PRM ལས་བྱེད་སྐུ་ཞབས་པདྨ་བསྟན་འཛིན་ལགས་བརྒྱུད་ས་གནས་སུ་ཡོད་པའི་རོགས་ཚོགས་ Hope & Challenge ནས་ ༢༠༢༠།༣།༣༠ ཉིན་ཁྱིམ་ཚང་དཀའ་ངལ་ཅན་ ༡༥ ལ་ཛ་དྲག་གི་བཟའ་བཅའ་རིགས་བགོས་འགྲེམས་ཞུས་ཐུབ་པ་བྱུང་ཡོད། བལ་ཡུལ་དོན་གཅོད་བརྒྱུད་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ (American Himalayan Foundation ) འགན་འཛིན་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་ནས་ ༢༠༢༠།༤།༢༩ ཉིན་འདི་གའི་ཁྱབ་ཁོངས་ཁྱིམ་ཚང་གྲངས་ ༡༥༠ ལ་སྒོར་ ༢༤༠, ༠༠༠ འབབ་ཀྱི་བཟའ་བཅའ་བགོས་འགྲེམས་ཞུས་ཡོད། གཞན་ཡང་ ༢༠༢༠།༥།༧ ཉིན་བལ་ཡུལ་དུ་ཡོད་པའི་གཏེར་སྒར་ངོས་དོན་ལུང་རིག་འོད་གསལ་དར་རྒྱས་གླིང་དགོན་པའི་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ནས་ནད་ཡམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་བོད་མི་དཀའ་ངལ་ཅན་ཁྱིམ་ཚང་ ༡༡༦ ལ་སྒོར་ ༣,༥༠༠ རེར་གནང་བར་བསྡོམས་སྒོར་ ༤༠༦,༠༠༠ དངུལ་རྐྱང་རོགས་རམ་གནང་སོན་བྱུང་ཡོད། དཔལ་ལྡན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཁ་ཐོར་མི་མང་ཁྲོད་ནས་ལས་ཀ་ཤོར་བ་དང་ཁང་གླ་དཀའ་ངལ་ཡོད་རིགས་ལ་ད་རེས་ཐེངས་གཅིག་རིང་ངལ་སེལ་གུན་སྐྱོབས་གནང་རྒྱུ་ལས་གཞིའི་ཁོངས་ཁྱབ་ཁོངས་ཁ་འཐོར་ཁྱིམ་ཚང་གྲངས་ ༢༣ ལ་ས་གནས་ནས་རྒྱབ་གཉེར་ཞུས་དོན་བཞིན་རོགས་དངུལ་བལ་སྒོར་ ༨,༠༠༠ རེར་བསྡོམས་སྒོར་ ༡༨༤,༠༠༠ གནང་སོན་བྱུང་ཡོད། ས་གནས་འགོ་འཛིན་ནས་ས་གནས་མཉམ་འབྲེལ་ལས་ཁུངས་ལ་ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་རྐྱེན་པས་མི་མང་ལ་དཀའ་ངལ་ཡོད་པར་སོང་། མཉམ་འབྲེལ་དམིགས་ཡུལ་བཞིན་མི་མང་ལ་ལྟ་རྟོག་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཞུས་དོན་ལྟར། མཉམ་འབྲེལ་ལས་ཁུངས་ནས་ ༢༠༢༠།༥།༡༣ ཉིན་ཤས་བདག་ཁྱིམ་ཚང་གྲངས་ ༡༠༥ ལ་སྒོར་ ༡,༥༠༠ རེར་བསྡོམས་སྒོར་ ༡༥༧,༥༠༠ ཕུལ་ཡོད་བཅས།