བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་རྒྱ་ཆེ་སྤེལ་བ།

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་མི་འགྲོ་སླད་ས་གནས་སྨན་ཞབས་མ་ཁང་ཁྱིམ་སོ་སོའི་ནང་ཆེད་བཅར་གྱིས་འདུ་སྡོད་མི་མང་རྣམས་ལ་ཚ་བ་བརྟག་དཔྱད་རྒྱུན་དུ་གནང་མུས་ཡིན་པ་དང་།  ལྡི་ལི་ལྟ་བུ་ས་གནས་ནང་ཚོགས་བཀག་འགོག་དབྱེ་ཟུར་འཇོག་བཞག་ས་མེད་པ་དེ་ལྟར་ཡང་། ས་གནས་གཞན་ནས་ཕེབས་མི་རྣམས་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག་ནང་བཞག་མུས་ཡིན་པ་དང་དེ་དག་ལ་སྔ་དགོང་ཆད་མེད་བརྟག་དཔྱད་ལས་དོན་ཞུ་མུས་ཡིན།   ལྡི་ལི་ཁྱབ་ཁོངས་བོད་མི་དཀའ་ངལ་ཅན་མི་གྲངས་ ༣༨༨ ཙམ་ལ་སྐམ་ཟས་རིགས་གྲོ་ཞིབ་དང་། འབྲས། རྡལ། ཟ་སྣུམ། དེ་བཞིན་བཙོང་བཅས་མཐུན་འགྱུར་ཞུས་ཐུབ་པ་བྱུང་ཡོད།

ལ་སྤྱི་མཆོག་གི་བཀའ་ཕེབས་བཞིན་འདི་ནས་འགན་ཁུར་རྐང་བཞེས་ཀྱིས་ལྡི་ལི་ཁུལ་ལྷག་ཡོད་པ་ལ་དྭགས་བསོད་གླིང་གཞིས་མི་རྣམས་རང་གནས་སུ་གཏོང་ཐབས་སླད་སྣུམ་འཁོར་གོ་སྒྲིག་ཞུ་རྒྱུ་མཚོན་པའི་ལས་དོན་ཁག་འཐུས་ཚང་ཞུས་ཡོད།  བྷ་རོ་ཊ་མཐོ་སློབ་སློབ་མ་མང་དག་ཅིག་རང་ཁྱིམ་དུ་ཕྱིར་སློག་བྱ་དགོས་བྱུང་ཡོད་སྟབས། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་བཀའ་དགོངས་བཞིན་འདི་ནས་སྐབས་དེར་འགྲུལ་བཞུད་ཆོག་མཆན་ཞུ་རྒྱུ་མཚོན་པའི་གཞན་ལས་དོན་ཁག་ལེགས་གྲུབ་ཀྱིས་ཉེ་ལམ་ཕྲུ་གུ་རྣམས་བདེ་ཐང་ངང་རང་གནས་སུ་འབྱོར་ཡོད་པ་དང་།  གཞིས་ཀེམ་ནང་གི་མགྲོན་ཁང་ཡོངས་རྫོགས་ནང་སྐོར་བསྐྱོད་ཀྱིས་ནད་པ་དང་ལོ་ན་བགྲེས་པ་རྣམས་ལ་སྐམ་ཟས་མཐུན་འགྱུར་ཞུས་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༨ ཉིན་བསམ་ཡས་གླིང་ས་གནས་སུ་གཙང་སེལ་སྤུག་ལམ་ (Sanitizing tunnel) གཅིག་གསར་འཛུགས་ཐུབ་པ་བྱུང་ཡོད། དེ་བཞིན་འདི་གའི་ཁྱབ་ཁོངས་བྷུཏ་བྷི་ཧར་ལ་ཡང་རིང་མིན་འཛུགས་འཆར་ཡོད། ལྷག་པར་དུ་སྨན་ཞབས་མ་རྣམས་རེ་མོས་ཀྱིས་གཞིས་ཀེམ་ནང་རྒྱང་བསྒྲགས་བརྒྱུད་ནད་གཞི་སྔོན་འགོག་གནང་ཕྱོགས་ཀྱི་ལམ་སྟོན་གནང་དང་གནང་མུས་ཡིན། ས་གནས་སུ་ཝུ་ཧན་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ཡོད་མུས་ཐོག་གཞིས་གྲོང་ནང་ས་གནས་འགོ་འཛིན་འགན་ཁུར་འོག་གཞིས་གྲོངས་ཡོངས་རྫོགས་ལ་དུག་སེལ་ལས་གཞི་སྤེལ་དང་སྤེལ་མུས་ཡིན་པ་དང་། ལྡི་ལི་བསམ་ཡས་གླིང་ཟ་ཚོང་མགྲོན་གསུམ་དང་ས་གནས་བེུད་ལྷན་ཚོགས་ནས་བདུན་གཅིག་ནང་ཐེངས་གཉིས་རེ་བསམ་ཡས་གླིང་ཡོངས་རྫོགས་གཙང་བཟོའི་ལས་གཞི་སྤེལ་མུས་ཡིན།

འདི་ག་གཞིས་ཆགས་སུ་ཕྱིར་འཁོར་བའི་གཞིས་མི་རྣམས་ས་གནས་རྒྱ་གར་མངའ་གཞུང་སྨན་ཁང་དང་ས་གནས་འཕྲོད་བསྟེན་སྨན་ཁང་གཉིས་ནས་ནད་བརྟག་ཡོད་མེད་བརྟག་དཔྱད་གྲུབ་རྗེས་ཁང་ཁྱིམ་ནང་འགོག་དབྱེ་ཟུར་འཇོག་བཞག་མུས་ཡིན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༠༡ ཉིན་ལྡི་ལི་ས་འགོ་ལས་བྱེད་དང་། སྨན་རྩིས་ཁང་གི་འགན་འཛིན། སྨན་པ། དེ་བཞིན་ས་གནས་སྨན་ཞབས་མ་བཅས་ནས་འདི་ཁུལ་གྱི་ལོ་ན་དྲུག་བཅུ་རེ་ལྔ་ཡན་ལ་གསོལ་སྨན་འབུལ་འཆར་བཞིན་མིང་ཐོ་བསྡུ་རུབ་ཆེད་སྐོར་བསྐྱོད་ཞུས་ཡོད། ས་གནས་འགོ་འཛིན་ལས་ཁུངས་ནས་མི་མང་འདུ་འཛོམས་རིགས་བཀག་སྡོམ་དང་ནད་གཞི་སྔོན་འགོག་གནང་ཕྱོགས་སྐོར་དུས་བསྟུན་ལམ་སྟོན་ཞུས་དང་ཞུ་མུས་ཡིན། ལྡི་ལི་ཁུལ་དུ་ཡོད་པའི་བོད་པའི་སྨན་ཞབས་ཡོངས་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད་བོད་སྨན་བགོས་འགྲེམས་ཞུས་ཐུབ་པ་བྱུང་ཡོད། ནད་གཞི་སྔོན་འགོག་གི་ཉེན་སྲུང་ཡོ་ཆས་ཁག་འདི་ཁུལ་གྱི་ཚོགས་པ་ཡོངས་ལ་ཕུལ་ཡོད་བཅས།


RELATED NEWS

Menu