བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ལ་དྭགས་བསོད་ནམས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་རྒྱ་ཆེ་སྤེལ་བ།

འདི་གའི་ཁྱབ་ཁོངས་གཞིས་མི་དེ་སྔ་མངའ་སྡེ་གཞན་ནང་ལུས་ཡོད་པ་ནས་ས་གནས་སུ་འབྱོར་བ་གྲངས་ ༣༦༧ བྱུང་ཁོངས་ནས་ལ་བྱང་ཁག་གི་སློབ་ཕྲུག་རྣམས་ལ་བྱང་ཉོ་མར་ས་གནས་གཞུང་ནས་གོ་སྒྲིག་ཞུས་པའི་སྤྱི་བའི་འགོག་དབྱེ་ཟུར་འཇོག་ནང་གྲངས་ ༢༧ དང་། གཞན་ལ་བྱང་གཞིས་མི་དང་སློབ་ཕྲུག་གྲངས་ ༤༡ ཚོགས་བཀག་འགོག་དབྱེ་ཟུར་འཇོག་ནང་བཞག་ཡོད། འདི་ནས་ལ་བྱང་ནད་གསོ་ཁང་དང། གྲོང་སྡེ་ ༣ པའི་བྱིས་གསོ་ཁང། མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཁང། བོད་ཁྱིམ་སློབ་ཟུར་གྱི་འཛིན་ཁང་། Buddha Garden ཡི་མགྲོན་ཁང་བཅས་ཚོགས་བཀག་འགོག་དབྱེ་ཟུར་འཇོག་ཆེད་གོ་སྒྲིག་ཞུས་ཡོད།  དེ་མཚུངས་ལ་བྱང་ཉོ་མར་ས་གནས་གཞུང་གི་སྤྱི་བའི་འགོག་དབྱེ་ཟུར་འཇོག་ཏུ་བསྐྱོད་མཁན་རྣམས་ལ་སྣུམ་འཁོར་གྱི་མཐུན་རྐྱེན་སྦྱར་ཐུབ་པ་བྱུང་ཡོད། དེ་བཞིན་གླེ་ཁུལ་གྱི་གཞིས་མི་ཕྱི་ཕྱོགས་ནས་འབྱོར་བ་རྣམས་ས་གནས་འཕྲོད་བསྟེན་སྨན་ཁང་ནས་ཚ་བ་བརྟག་དཔྱད་དང་དེབ་བཀོད་གནང་བཞིན་ཡོད།


ཕྱི་ཕྱོགས་ནས་ཡོད་པའི་གཞིས་མི་རྣམས་ས་གནས་སུ་འབྱོར་རིམ་བཞིན་ལ་སྤྱི་ལས་ཁུངས་ཀྱི་འགན་ཁུར་འོག་ལ་དྭགས་བོད་ཁྱིམ་སློབ་ཟུར་ཚོགས་པ་ནས་སྣུམ་འཁོར་བབས་ཚུགས་ནས་རང་ཁྱིམ་བར་སྣུམ་འཁོར་གྱི་མཐུན་འགྱུར་གོ་སྒྲིག་ཞུ་བཞིན་ཡོད། འདི་གའི་གཞིས་མི་དང་སློབ་ཕྲུག་གྲངས་ ༤༦ སྒོ་རྒྱག་བཀའ་རྒྱ་རྐྱེན་པས་ལྡི་ལི་ཁུལ་ལུས་པ་རྣམས་རང་ཁྱིམ་དུ་ཕྱིར་ལོག་ཐུབ་ཆེད་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་དམངས་ཡོོངས་ནས་ལྡི་ལི་ནས་ལ་དྭགས་བར་གྱི་སྣུམ་འཁོར་གླ་སྒོར་ ༢༡༠,༠༠༠ དང་མི་རེར་ལམ་གྲོན་སྒོར་ ༡༥༠༠ བྱས་པའི་སྒོར་ ༦༩,༠༠༠ བཅས་ཀྱི་དཔལ་འབྱོར་མཐུན་འགྱུར་གནང་སོན་བཞིན་གཞིས་མི་རྣམས་ཕྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༢༦ ཉིན་འདི་གར་བདེ་ཐང་ངང་འབྱོར་ཐུབ་པ་བྱུང་ཡོད། དེ་མཚུངས་གཞིས་མི་ཕྱི་ཕྱོགས་ནས་ལུས་ཡོད་པ་རྣམས་ཕྱིར་སློག་ཐུབ་ཐབས་ཆེད་ལ་སྤྱི་ལས་ཁུངས་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་དང་། ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་འཛིན་སྐྱོང་ལས་ཁུངས་གཉིས་ལ་མཐུན་འགྱུར་གནང་སྐྱོང་བ་ཞུས་དོན་ལྟར། འགྲུལ་བཞུད་བཀའ་འཁྲོལ་ཞུ་རྒྱུ་མཚོན་པའི་འགྲུལ་པ་རྣམས་ཀྱི་ལམ་གྲོན་ཆ་ཚང་དེ་ནས་མཐུན་འགྱུར་དོན་སོན་བྱུང་ཡོད། གཞིས་མི་ས་གནས་རྫོང་སྨན་ཁང་ནས་བཀོད་མངགས་གནང་དོན་ལྟར་ཏོག་དབྱིབས་གཉན་རིམས་ ༡༩ དམར་རྟགས་ཅན་གྱི་མངའ་ཁུལ་ནས་འབྱོར་བའི་གཞིས་མི་རྣམས་བརྟག་དཔྱད་བྱེད་དགོས་ཞེས་ཕེབས་དོན་ལྟར་། བརྟག་དཔྱད་ཞུ་སྒོའི་ལས་དོན་འཐུས་ཚང་ཞུས་དང་ཞུ་མུས་ཡིན། དཔལ་ལྡན་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་གཞིས་མི་ཉམ་ཐག་འ་འཆད་འུ་ཐུག་དང། ཁ་ཚ་དགོས་གཏུག་རྣམས་ལ་བཟའ་བཅའི་རིགས་མཐུན་འགྱུར་ཞུ་ཆེད་རོགས་དངུལ་བཀའ་འཁྲོལ་བསྩལ་བ་ལྟར། འདི་གའི་ཁྱབ་ཁོངས་སླེ་བྱང་གཉིས་ཀྱི་གཞིས་མི་གྲངས་ ༢༢ ལ་སྒོར་ ༥༥,༠༠༠ འབབ་ཀྱི་བཟའ་བཅའ་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། དཔལ་ལྡན་འཕྲོད་བསྟེན་ལས་ཁུངས་ནས་སྨན་ཆུ་གཏོར་བྱེད་ཀྱི་ཡོ་ཆས་དང་སྨན་ཆུ་ Sodium Hydrochloride གསར་ཉོའི་ཆེ་རོགས་དངུལ་བཀའ་འཁྲོལ་བསྩལ་བ་བཞིན་འདི་གའི་བོད་ཁྱིམ་སློབ་ཟུར་ཚོགས་པ་ནས་ལ་སྤྱི་ལས་ཁུངས་དང། ས་གནས་འཕྲོད་བསྟེན་སྨན་ཁང། ས་གནས་མཉམ་འབྲེལ་ལས་ཁུངས། སྤྱི་བའི་འགོག་དབྱེ་ཟུར་འཇོག་བཅས་ལ་སྨན་ཆུ་གཏོར་ཐུབ་པ་བྱུང་ཡོད། དེ་མཚུངས་ལ་སྤྱི་ལས་ཁུངས་ནས་གཞིས་གྲོང་ཁག་གི་ཆེད་སྨན་ཆུ་གཏོར་ཆེད་ཀྱི་ཡོ་ཆས་གྲངས་ ༡༢ དང་སྨན་ཆུ་བཅས་མཁོ་གྲུབ་ཀྱིས་གཞིས་གྲོང་ ༡༢ གི་བརྒྱ་དཔོན་རྣམས་ལ་ཕུལ་ཐུབ་པ་བྱུང་ཡོད།

འབྱུང་འགྱུར་བདུན་རྗེས་མ་ནས་གཞིས་གྲོང་སོ་སོའི་ནང་སྨན་ཆུ་གཏོར་རྒྱུའི་ལས་གཞི་སྤེལ་འཆར་ཡོད།  རྒྱ་ནད་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་སྡེ་ཁག་ཆ་ཚང་སྒོ་རྒྱག་དགོས་འཁེལ་བར་འདི་གའི་གཞིས་མི་རྟ་པ་རྣམས་ལ་རྟ་འཚོ་ཡུལ་མེད་པའི་དཀའ་ངལ་འཕྲད་བཞིན་པར་ལ་སྤྱི་ནས་ས་གནས་རྫོང་དཔོན་མཆོག་ལ་གཞུང་གི་རྩ་ཐང་ཐོག་རྟ་འཚོ་ཆོག་པའི་འབོད་བསྐུལ་ཞུས་འབྲས་སུ། ལ་བྱང་ཁུལ་དུ་གཞུང་གི་རྩ་ཐང་གཡར་ཕྱོགས་ཐད་འབྲེལ་ཡོད་དཔོན་རིགས་མཉམ་མཇུག་སྐྱོང་དགོས་ཞེས་ཕེབས་པ་བཞིན་ལ་སྤྱི་ནས་བྱང་ཐང་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་མཇུག་སྐྱོང་ཞུ་རྒྱུ་དང་། ད་ལྟའི་བར་ལ་སླེ་གཉིས་ནང་རྒྱ་ནད་ཏོག་དབྱིབས་ནད་ཡམས་འགོས་པའི་གཞིས་མི་གཅིག་ཀྱང་མེད་ཞུ་རྒྱུ་བཅས་ཀྱི་གནས་ཚུལ་དུ།


RELATED NEWS

Menu