བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ཀྲུ་ཀྲིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་ཇི་ཞུས་གནས་བསྡུས།

དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་གཙོས་དབུས་ལས་ཁུངས་གཞན་ཁག་ནས་ལམ་སྟོན་དང་རོགས་སྐྱོར་གནང་མུས་བཞིན་ནད་ཡམས་འགོག་ཐབས་ཆེད་ལས་དོན་འཐུས་གཙང་ཞུ་བཞིན་ཡོད། ཀྲུ་ཀྲིང་ས་གནས་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞིས་ཆགས་གཞན་དང་མི་འདྲ་བའི་གནང་སྟངས་དང་མཐུན་རྐྱེན་གང་ཅི་ཐོག་ནས་ཧ་ཅང་གི་ཞན་པོ་ཡོད་ནའང་། ས་གནས་ནས་གང་ཐུབ་གང་ཅི་ཐུབ་ཀྱིས་ཏོག་དབྱིབས་གཉན་རིམ་ ༡༩ ཁྱབ་གདལ་མི་ཡོང་ཆེད་ཐབས་ལམ་ཞུ་མུས་ཡིན། འདི་གའི་ཁྱབ་ཁོངས་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་པའི་མཁན་རིན་པོ་ཆེ་ཚེ་རིང་རྡོ་རྗེ་མཆོག་ནས་གཞིས་མི་དང་ཡུལ་མི་གྲངས་ ༤༠༣ ལ་ཧིན་སྒོར་ ༢༠༠༠ རེར་རོགས་སྐྱོར་གནང་ཡོད་པ་དང་།  འཆི་མེད་གཡང་གསང་ཚོགས་པ་ནས་སློབ་ཕྲུག་གྲངས་ ༡༡༠ ལ་ཧིན་སྒོར་ ༥༠༠ རེར། མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་གྲངས་ ༡༡༩ ལ་ཧིན་སྒོར་ ༡༥༠༠ རེར་བཅས་གནང་ཡོད།
ཀྲུ་ཀྲིང་ས་གནས་ཀྱི་དམག་སྒར་ནས་ཕྱི་ལོ་ ༢༠༢༠ ཟླ་ ༠༤ ཚེས་ ༡༣ ཉིན་ཡུལ་མི་དང་གཞིས་མི་གྲངས་ ༧༠ ལ་བཟའ་བཅའ་རིག་འབྲས། སྣུམ། ཚྭ། གྲོ་ཞིབ་བཅས་ཕུལ་ཐུབ་པ་བྱུང་ཡོད། ཐེམ་སྤང་བཀའ་རྒྱ་རྐྱེན་པས་ཛ་དྲག་དཀའ་སེལ་ཆེད་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ངལ་སེལ་རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་དགོངས་དོན་ས་གནས་ནས་མི་གྲངས་དགུའི་འགེངས་ཤོག་བཀང་འབུལ་ཞུས་ཡོད། ས་གནས་སུ་ད་ལྟ་བར་ཏོག་དབྱིབས་གཉན་རིམས་ ༡༩ ནད་རྟགས་ཐོན་པ་ཅི་ཡང་བྱུང་མེད་ཀྱང་། སྔོན་འགོག་ཆེད་ས་གནས་མང་ཚོགས་ལ་དུས་ནས་དུས་སུ་ལམ་སྟོན་དང་། ས་གནས་སུ་དྭང་བླངས་ཚོགས་ཆུང་ཟུར་འཛུགས་གནང་ཡོད་ཐོག་དྭང་བླངས་ཚོགས་པ་ནས་གཞུང་ལམ་གཉིས་ཀྱི་རྒྱལ་སྒོར་ཉིན་མཚན་མེད་པར་སྒོ་སྲུང་བཞག་ཡོད་པ་དང་། ཕྱི་ཕྱོགས་ནས་ཡོང་མཁན་རྣམས་ཀྱི་ཆེད་ཁང་ཁྱིམ་ཟུར་བཀག་གོ་སྒྲིག་ཞུས་ཡོད་བཅས།

RELATED NEWS

Menu