༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༦ ཉིན་ཅོན་ཏ་ར་དོན་ལྡན་རྒས་གསོ་ཁང་གསར་པ་དབུ་འབྱེད་ཞུས་སྐོར།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་སེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་དབང་བསྡུས་རྡོ་རྗེ་མཆོག གཞན་ཡང་སྦིར་སྡེ་ནང་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་དང་ཚོགས་སྐྱིད་དང་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་གཉིས་ཀྱི་གཙོས་ཚན་པ་ཁག་གི་འགན་འཛིན་རྣམ་པ་བཅས་ཕེབས་བཅར་ཞུས་ཡོད། སྔ་དྲོ་ཚོུད་ ༡༠།༣༠ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཅོན་ཏ་ར་འབུམ་མང་དགོན་པའི་དགེ་འདུན་པ་ཁག་ཅིག་ནས་རབ་གནས་གནང་སྟེ་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་མཆོག་ནས་མཆོད་མེ་ཞལ་ཕྱེ་དང་རྒས་གསོ་ཁང་དབུ་འབྱེད་གནང་། དེ་རྗེས་སྐུ་མགྲོན་རྣམས་རྒས་ཁང་གསར་པར་གཟིགས་སྐོར་དུ་ཕེབས། མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་མཆོག་ནས་ཅོན་ཏ་ར་དོན་ལྡན་རྒས་གསོ་ཁང་གསར་རྒྱག་ཞུས་པའི་དགོས་དམིགས་དང་ཕན་ཡོན། དེ་བཞིན་ནང་སྲིད་ཁྱབ་ཁོངས་རྒས་གསོ་ཁང་གཞན་དང་མི་འདྲ་བར་དེང་དུས་ཀྱི་མཐུན་རྐྱེན་ཆ་ལག་ཚང་བའི་དཔེ་སྟོན་རྒས་གསོ་ཁང་ཞིག་འཛུགས་སྐྲུན་ཞུས་ཡོད་སྐོར་དང་། མི་རབས་རྒན་གཞོན་དབར་གྱི་འབྲེལ་མཐུད་དང་བསམ་ཚུལ་བརྗེ་ལེན། ལྷག་པར་མི་རབས་རྒན་པའི་སྐྱིད་སྡུག་ཉམས་མྱོང་ལས་མི་རབས་གཞོན་པས་སློབ་གསོ་འཐོབ་རྒྱུ་མ་ཟད། གཞོན་པ་རྣམས་ལ་བོད་ཀྱི་ཐུན་མིན་ལེགས་སྦྱང་དང་ལོ་རྒྱུས་ཀྱི་གནས་སྟངས་རྒྱུས་ལོན་ཡོང་རྒྱུའི་ཆེད། སྐབས་འགར་སྦིར་ཁུལ་གྱི་སློབ་གྲྭའི་ཕྲུག་རྣམས་རྒས་གསོ་ཁང་དུ་ཕེབས་ཏེ་རྒས་འཁོགས་རྣམ་པའི་སེན་མོ་འབྲེག་རྒྱུ་སོགས་ཞབས་ཞུ་བསྒྲུབ་རྒྱུ་དང་གཞས་སྣ་གཟིགས་འབུལ་ཞུ་རྒྱུ་སོགས་གང་ཐུབ་གནང་གལ་སྐོར་མཛད་སྒོར་ཕེབས་པའི་སློབ་གྲྭའི་དབུ་འཛིན་དང་སྐུ་ཚབ་རྣམས་ལ་ལམ་སྟོན་གནང་། གཞན་ཡང་རྒས་གསོ་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ནས་སོ་སོའི་ཕ་མ་དངོས་ལྟར་རྒས་གསོ་ཁང་གི་རྒས་འཁོགས་རྣམས་ཀྱི་བདེ་སྡུག་ལྟ་སྐྱོང་བྱ་གལ་སྐོར་བཅས་ལམ་སྟོན་གནང་ཡོད། ལས་གཞི་འདིའི་ཨར་རྒྱག་འགྲོ་གྲོན་རྣམས་ནང་སྲིད་ལས་ཁུངས་ཀྱི་མ་དངུལ་དང་། དེའི་ཆ་ཤས་ཤིག་བླ་མ་བཟོད་པ་རིན་པོ་ཆེའི་རོགས་ཚོགས་ནས་གནང་ཡོད། ཨ་རི་གཞུང་USAID དང་བོད་ཀྱི་ཐེབས་རྩ་ The Tibet Fund བོད་ཀྱི་གྲོགས་པོ་Verien Tibetfruende ནས་རྒས་གསོ་ཁང་གི་འཛིན་ཆས་ཉོ་རྒྱུར་དགོས་དངུལ་མཐུན་འགྱུར་གནང་ཡོད་པ་བཅས། OPH Chauntra inaugural program-4OPH…